ཕྱི་ཟླ་ ༧ པའི་ཚེས་ ༦ དེ་བཞིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་ཁྲུངས་སྐར་ལགས་ན། སྐལ་བཟང་གི་ཉིན་མོ་དེར་འདི་ག་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ནས། མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་རྟེན་འབྲེལ་དུ། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཤིང་སྣ་འདེབ་འཛུགས་ཀྱི་ལས་གཞི་རྒྱ་ཆེན་ཞིག་སྤེལ།
༄༅། །འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་བཞུགས་སྒར་རྡ་ས་ནས་ཆིབས་སྒྱུར་གྱིས་ཅན་རྡི་སྒར་བརྒྱུད་ཁ་སང་ཕྱི་ཚེས་ ༡༢ ཉིན། ལ་དྭགས་གླེ་ལ་ཕེབས་འབྱོར་སྐབས་ཁྲིག་སེ་རིན་པོ་ཆེ་དང། བཀྲས་ལྷུན་མཁན་ཟུར་རིན་པོ་ཆེ་བློ་བཟང་ཚེ་བརྟན། སྒོ་མང་མཁན་ཟུར་རིན་པོ་ཆེ་བློ་བཟང་རྒྱལ་མཚན་དང་ནང་ཚོགས་དང་དགོན་ཚོགས་ཀྱི་དབུ་སྐྱོང་གཙོས་དད་ལྡན་མི་མང་ནས་སེར་སྦྲེངས་དང་བཅས། ནང་ཚོགས་དང་དགོན་ཚོགས་སོགས་ནས་ཕེབས་སྟོན་མཛད་སྒོ་གཟབ་རྒྱས་ཞུས། སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་དྭགས་སུ་ཟླ་གཅིག་མིན་ཙམ་བཞུགས་ཏེ། དད་ལྡན་མི་མང་ལ་ཆོས་འབྲེལ་དང་། དགོན་སྡེ་ཁག་ཏུ་གསར་ཞུགས་རྣམས་ལ་དགེ་ཚུལ་གྱི་སྡོམ་པ་འབོགས་ཆོག་གནང་རྒྱུའི་མཛད་འཆར་སོགས་ཡོད།