༄༅།།རྭ་སྟོད་གྲྭ་ཚང་འདི་ཉིད་བོད་དུ་ཇི་ལྟར་བྱུང་ཚུལ་དང་། རྒྱ་གར་དུ་སླར་གསོ་ཇི་ལྟར་བྱས་པ་བཅས་ཀྱི་ལོ་རྒྱུས་མདོར་ཙམ་འགོད་པར་བྱ་བ་ནི།
རྭ་སྟོད་གྲྭ་ཚང་གི་ལོ་རྒྱུས་སྙིང་བསྡུས།
༄༅།།རྭ་སྟོད་གྲྭ་ཚང་འདི་ཉིད་བོད་དུ་ཇི་ལྟར་བྱུང་ཚུལ་དང་། རྒྱ་གར་དུ་སླར་གསོ་ཇི་ལྟར་བྱས་པ་བཅས་ཀྱི་ལོ་རྒྱུས་མདོར་ཙམ་འགོད་པར་བྱ་བ་ནི།
དུས་རབས་བཅུ་གཅིག་པའི་ནང་དཔལ་མཉམ་མེད་ཇོ་བོ་རྗེའི་དངོས་སློབ་ལེགས་པའི་ཤེས་རབ་ཀྱིས་ཕྱག་བཏབ་པའི་གངས་ལྗོངས་རིག་པར་སྨྲ་བ་མཐའ་དག་གི་འབྱུང་ཁུངས་མ་དྲོས་ཀྱི་མཚོ་ཆེན་དཔལ་གསང་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་དེར་ཀུན་མཁྱེན་རོང་སྟོན་པ་དང་། ཆོས་རྗེ་སངས་རྒྱས་རྒྱལ་མཚན། རྗེ་བླ་མ་ཙོང་ཁ་བ་ཆེན་པོ་ཡབ་སྲས་
རྣམས་ཀྱི་དངོས་སློབ་ཏུ་གྱུར་པ་མཁྱེན་རབ་དབང་ཕྱུག་རྨར་ཁམས་གྲགས་ལ་ཐུགས་ཡིད་རབ་དུ་འཕྲོག་སྟེ་ཤིན་ཏུ་དད་པར་གྱུར་པ་ན། ༡༤༡༩ ལོར་༸རྗེ་ཙོང་ཁ་པ་ཆེན་པོ་དགོངས་པ་གཞན་དོན་དུ་བསྟད་པའི་རྗེས་སུ་མཁྱེན་རབ་དབང་ཕྱུག་གྲགས
་པ་བཟང་པོ་༸རྒྱལ་ཚབ་ཆོས་རྗེ་དགེ་ལྡན་གྱི་གདན་སར་ཕེབས་པ་མཇལ་བར་བྱོན་པས་༸རྒྱལ་ཚབ་རྗེས་རྣམ་འགྲེལ་གཙོ་བོར་བཏོན་པའི་འཆད་ཉན་མཛད་དགོས་པར་གདམས་ཏེ།མཐུན་རྐྱེན་དུ་གསེར་སྲང་གང་ཡང་གནང་བ་དང་། དེ་ནས་མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོས་
འཆད་ཉན་གྱི་རྒྱུན་འཛུགས་པར་བཞེད་དེ། གསང་ཕུ་ཆོས་སྡེ་ཆེན་པོའི་ཡ་གྱལ་གླིང་སྨད་གྲྭ་ཚང་གི་ཆོས་རཱའི་སྟོད་དུ་རྡོའི་རྭ་བ་སྐོངས་ཏེ་སློབ་
གཉེར་ཟུར་འཛུགས་བསྐྱངས་པ་ལས་རྭ་བ་སྟོད་ཅེས་ཞྭ་སེར་ཅོད་པཎ་འཆང་བའི་རིང་ལུགས་གྲྭ་ཚང་འདི་ཉིད་ཆགས་ཤིང་། གོང་གསལ་
ཚད་མའི་འཆད་ཉན་གྱི་མཐུན་རྐྱེན་དུ་རིན་ཆེན་དང་པོ་སྦྱོར་འཇགས་གནང་བ་ལ་བརྟེན་ནས་གསེར་ཟན་གྲྭ་ཚང་ཞེས་ཀྱང་ཟེར་བ་གྲགས་
བཟང་གི་རྣམ་ཐར་དང་།བེེ་ཌུརྱ་སེར་པོར་གསལ་བ་ལྟར། རྭ་སྟོད་ཅེས་གྲགས་པའི་གྲྭ་ཚང་བཟང་པོ་ཚུགས་པ་བདག་ཉིད་ཆེན་པོ་མཁྱེན་རབ་
དབང་ཕྱུག་གྲགས་པ་བཟང་པོའི་ཐུགས་རྗེ་དང་འཕྲིན་ལས་ཁོ་ན་ལས་གྲུབ་པ་ཡིན་ཞེས་གྲགས།དེ་ནས་གྲྭ་ཚང་ཆུང་བ་ཡོན་ཏན་རྒྱ་མཚོ་
དང་། འཇམ་དབྱངས་བླ་མ་མཆོག་ལྷ་འོད་ཟེར། དྲུང་ཆེན་ལེགས་པ་བཟང་པོ།རྩེས་དང་པ་ལྷ་དབང་དཔལ་འབྱོར། ཆོས་ཀྱི་གྲགས་པ།
གསལ་ཁང་པ་དམ་ཆོས་རྣམ་རྒྱལ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པའི་བྱ་བ་རྨང་བཙུགས་པར་མཛད།
དེ་ནས་སློབ་དཔོན་རིམ་པར་ཕེབས་པ་དགའ་ལྡན་ཁྲི་ཐོག་དགུ་པ་རྗེ་དཔོན་བློ་བཟང་ཉི་མ་དང་། ཉེར་ལྔ་པ་རྒྱལ་ཁང་པ་དཔལ་འབྱོར་རྒྱ་མཚོ། སུམ་ཅུ་པ་སྟག་ལུང་བྲག་བློ་གྲོས་རྒྱ་མཚོ། སོ་ལྔ་པ་༸གོང་ས་ལྔ་པ་ཆེན་པའི་
ཡོངས་འཛིན་གྲྭ་ནང་བྱམས་པ་གླིང་ཁྲི་དཀོན་མཆོག་ཆོས་འཕེལ་སོགས་མཁན་ཁྲིར་རིམ་པར་བྱོན་པ་རྣམས་ཀྱིས་རང་བསྟན་ལ་སྨན་པའི་མཛད་འཕྲིན་ཤིན་ཏུ་རྒྱས་པར་མཛད་ཡོད་པ་ནི།
༸རྒྱལ་དབང་ལྔ་པ་ཆེན་པོས།
མང་ཐོས་ལུང་གི་ནགས་ཚལ་སྟུགས་པོའི་དབུས།
རིག་པའི་གད་རྒྱངས་ཆེར་སྒྲོག་སྟག་གི་ཚང་།
གངས་ཅན་ར་བའི་སྟོད་སྨད་བར་གསུམ་གྱི།
བློ་གསལ་འདུས་གྲྭ་སྲིད་མཐར་རྒྱས་གྱུར་ཅིག ཅེས་བསྡུས་ཚད་རིག་པར་བསྟོད་ཅིང་བསྔགས་པའི་ཤིས་བརྗོད་མཛད་
པ་ལས། སྟག་ཚང་རྭ་བ་སྟོད་པ་ཞེས་མཚན་གྱི་གཟེངས་སུ་བསྟོད་ཅེས་གྲགས།དེའི་རྗེས་སུ་ཡང་དགའ་ལྡན་ཁྲི་ཐོག་ཞེ་
གཅིག་པ་བློ་བཟང་རྒྱལ་མཚན་དང་། བྲག་སྒོ་རབ་འབྱམས་པ་ཕུན་ཚོགས་རྒྱ་མཚོ།སྤྱན་གཡས་པ་བསྟན་འཛིན་རྒྱ་མཚོ།
ཇོ་གདན་པ་བསྟན་མཛེས་སོགས་མཁན་སློབ་བཅུ་ཕྲག་ལྷག་གིས་འཆད་ཉན་གྱི་སྲོལ་རྒྱུན་འཁྱོངས་སུ་བསྐྱངས་པས་ཆོས་གྲྭ་དང་།རྩོད་གྲྭ་སོགས་ཤིན་ཏུ་སྨར་བར་བྱུང་སྟེ་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཇི་སྙེད་ཅིག་བྱོན་པས་ན་སྟག་ཚང་རྭ་བ་སྟོད་ཅེས་མཚན་ཡོངས་སུ་གྲགས་པ་བྱུང་ཡོད།ཐོག་མའི་ཆར་གསང་ཕུའི་གདན་ས་འཛིན་པ་ལོ་ཆེན་ཡབ་སྲས་གཉིས་ཀྱི་སྐྱེ་སྤྲུལ་བྲག་གཡབ་ནས་རིམ་པར་ཕེབས་པའི་ཉག་རེ་ཁང་ཚན་དང་། རྩེ་ཐང་ཁང་ཚན། སྤྱན་གཡས་ཁང་ཚན། ཇོ་གདན་ཁང་ཚན།གསང་སྔགས་ཁང་ཚན། སྙེ་ཐང་ཁང་ཚན།འཕྲོང་རྒྱས་ཁང་ཚན།བྱམས་གླིང་ཁང་ཚན་སོགས་
དགུ་ཙམ་རྭ་སྟོད་གྲྭ་ཚང་ནང་དུ་ཡོད་ཅིང་།གཞུང་དགོན་གྱི་གྲས་སུ་བོད་གཞུང་ནས་གཟིགས་སྐྱོང་གནང་བའི་ལམ་ལུགས་འོག་རྭ་སྒྲེང་རྒྱལ་ཐོག་སྐབས་ཨར་ལས་རྒྱུ་གྲོན་ཆ་ཚང་ཐོག་ནས་གྲྭ་ཚང་གཙུག་ལག་ཁང་ཉམས་གསོ་གནང་པའི་ལོ་རྒྱུས་སུ་གྲགས། དེ་ལྟར་རྭ་སྟོད་གྲྭ་ཚང་འདི་ཉིད་ཀྱིས་སྔོན་བོད་དུ་ལོ་འཁོར་ཆོས་སྤྱོད་ཀྱི་མཛད་ལམ་མི་ཉམས་པར་བསྐྱངས་ཚུལ་ནི།
བསྡུས་ཚད་རིག་པ་དང་།རྣམ་འགྲེལ་གཙོ་བོར་བཏོད་པའི་གཞུང་ཆེན་བཀའ་པོད་ལྔར་འཆད་ཉན་གྱི་རྩོད་སྒྲ་ཡོད་པའི་ཆོས་རྭ་
ཆོས་ཐེངས་བརྒྱད་ཙམ་ཚུགས་སྲོལ་སྤྱི་མཆུངས་སུ་ཡོད་པ་སྟེ།
ཆོས་རྭ་ཆོས་ཐེངས་བརྒྱད་ནི།
༡༽དབྱིད་ཆོས་དང་པོ་ཟླ་ཆོས་དང་།
༢༽ གཉིས་པ་ཉི་ཤུ་ཆོས་ཆོས་ཪྭ།
༣༽ གསུམ་པ་དབྱར་ཆོས་ཆེན་མོ་ཟླ་ཆོས།
༤༽སྟོན་ཆོས་དང་པོ་སྤྲོ་སེང་ཆོས་རྭ་ཟླ་ཆོས་དང་།
༥༽ གཉིས་པ་ས་དཀར་ཆོས་རྭ་ཉི་ཤུ་ཆོས་རྭ་བཅས་སྙེ་ཐང་མ་
དགོན་རང་དུ་ཚུགས་སྲོལ་དང་།
༦༽ གསང་ཕུ་དབྱར་ཆོས་ཆེན་མོ་ཟླ་ཆོས་དང་།
༧༽ འཇང་དགུན་ཆོས་ཆེན་མོ་ཟླ་ཆོས་དང་།
༨༽ ཉི་ཤུ་ཆོས་རྭ་བཅས་དགོན་གནས་སོ་སོར་སྔར་སྲོལ་ལྟར་
ཕེབས་ལམ་ཡོད་པ་ཡིན།
གསང་ཕུ་དབྱར་ཆོས་དང་སྨོན་ལམ་ཆེན་མོ།
གསང་ཕུ་ཆོས་སྡེ་ནི། གོང་དུ་གསལ་བ་ལྟར་མཉམ་མེད་ཇོ་བོ་རྗེའི་བཀའ་ཡིས་ལུང་གིས་ཟིན་པའི་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱག་བཏབ་སྟེ་ལོ་ཆེན་བློ་ལྡན་ཤེས་རབ་ཀྱིས་དར་རྒྱས་སུ་བསྐྱངས་པའི་བཀའ་གདམས་པ་དང་། ས་སྐྱ་པའི་ཆོས་བརྒྱུད་འཛིན་པ་གངས་ལྗོངས་རིག་པར་སྨྲ་བ་མཐའ་དག་གི་འབྱུང་ཁུངས་དཔལ་གསང་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོར་སྐྱེས་མཆོག་ཇི་ལྟར་ཅིག་ཕེབས་པའི་གནས་དེར་༸རྗེ་ཙོང་ཁ་བ་ཆེན་པོ་ཡབ་སྲས་དང།རྗེ་བཙུན་ཤེས་རབ་སེང་གེརྗེ་དགེ་འདུན་གྲུབ་པ་སོགས་རིམ་པར་བྱོན་ཏེ་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན་པར་མཛད་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་སྐལ་ལྡན་གདུལ་བྱའི་ཚོགས་ལ་དམ་པའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་པ་སོགས་ལས་རྗེའི་རིང་ལུགས་འཛིན་པ་རྭ་སྟོད་གྲྭ་ཚང་དང་། ཉང་རོང་ངམ་ཤར་རྩེ་གྲྭ་ཚང་། སྤེ་སེར་དང་ཉི་མ་ཐང་པ་སོགས་བཞི་དང། གཞན་ཡང་གསང་ཕུའི་གླིང་སྟོད་སྨད་གཉིས་ཀྱི་གྲྭ་ཚང་དྲུག་བཅས་བླ་
ཁག་བཅུའི་གྲྭ་ཚང་རྣམས་ལོ་ལྟར་གསང་ཕུ་དབྱར་ཆོས་ཆེན་པོ་ཟླ་བ་ཕྱེད་དང་གཉིས་མཉམ་ཚོགས་གནང་བ་དང། ཕྱིས་སུ་གསང་ཕུའི་ཆོས་སྡེའི་ཁོངས་སུ་རྩོད་སྒྲ་ཡོད་པའི་རྭ་སྟོད་གྲྭ་ཚང་དང། དགའ་ལྡན་ཤར་རྩེ་གྲྭ་ཚང་གཉིས་ཙམ་དང་བཅས་གསང་ཕུ་དབྱར་ཆོས་ཆེན་མོ་ཟླ་བ་གཅིག་དང་ཕྱེད་རིང་བླ་ཁག་བཅུའི་གྲྭ་ཚང་རྣམས་མཉམ་ཚོགས་གནང་སྟེ། ལོ་རེར་གྲྭ་ཚང་རེ་ནས་གཏོང་ཆོས་ཀྱི་མཐུན་རྐྱེན་རེར་མོས་སུ་འབུལ་བར་འགན་ཡོད་པ་ཡིན། སྐབས་དེར་སྔར་༸རྗེ་ཙོང་ཁ་པ་ཆེན་པོ་དཀའ་བཞི་གྲྭ་སྐོར་དམ་བཅའ་གནང་བའི་སྐབས་ཀྱི་ཆོས་ཁྲི་ཡོད་པའི་མདུན་དུ་ཪྭ་ཤར་གཉིས་སོགས་ནས་ལོ་ལྟར་གསེར་ཁྲི་དགེ་བཤེས་རེ་དམ་འཇོག་གནང་སྲོལ་དང་། གཞན་ཡང་༸རྒྱལ་ཚབ་རྗེ་ཡིས་གཞུང་ཆེན་དཀའ་གནད་བཅུའི་མཚན་གནས་
བཞེས་པའི་ལམ་སྲོལ་བྱུང་བ་ལྟར། རྗེས་འཇུག་མཁས་དབང་རིམ་བྱོན་རྣམས་ཀྱིས་གཞུང་དཀའ་གནད་བཅུའི་ས་བཅད་སྐྱོར་བ་དང། དམ་བཅའ་བཞག་པའི་ལུགས་སྲོལ་ཡང་ཡོད་པ་རེད།
རབ་བྱུང་བདུན་པའི་ས་གླང་ལོར་༸རྗེ་ཙོང་ཁ་པ་ཆེན་པོས་སྲོལ་བཏོད་མཛད་པའི་ལྷ་ལྡན་སྨོན་
ལམ་ཆེན་མོ་ཞེས་ཡོངས་སུ་གྲགས་པ་ཉིན་ཉེར་གཅིག་དང། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་དགོངས་རྗོགས་ཚོགས་མཆོད་ཉིན་བཅོ་ལྔ་བཅས་སུ་གདན་ས་གཞན་སྤྱི་མཚུངས་རྭ་སྟོད་གྲྭ་ཚང་ཟུར་ཚོགས་ཆོག་པའི་ཐོབ་དབང་ཡོད་པ་ལྟར་ཕེབས་དགོས་པ་དང། ལོ་གནངས་འཆར་ལ་གདན་ས་ཆེན་པོ་རྣམས་དང་མཉམ་ལྷ་རམས་དགེ་བཤེས་རེ་ཡང་ཕེབས་ཆོག་པའི་སྲོལ་བཟང་ཡོད་པ་སྟེ། བོད་ཟླ་དྲུག་པའི་ཚེས་ཤར་ནང་ལོ་དེའི་ལྷ་རམས་དགེ་བཤེས་རྣམས་ནོར་གླིང་ཕོ་བྲང་
གི་ཟིམ་ཆུང་འགག་ཏུ་རྩོད་རྒྱུགས་འཕུལ་བར་བཅར་དགོས་པས་གཞུང་ཆེན་མོའི་རྩོད་རྒྱུགས་
འབུལ་བཞེས་གནང་སྲོལ་ཡོད་པ་དང། དགེ་འདུན་རྣམས་སྔ་དགོང་སོ་སོར་དགེ་བཤེས་ལྷ་རམས་པར་རྟགས་བསལ་འབུལ་རྒྱུ་
དང། སྨོན་ལམ་གསོལ་ཐབ་ཆེན་མོར་ཁྲུས་གསོལ་ཞུ་དགོས་པ་སོགས་རྭ་སྟོད་པ་ཕེབས་སྲོལ་
དང། དགེ་བཤེས་ལྷ་རམས་པའི་གཏོང་སྒོ་ནི། འཇང་དགུན་ཆོས་སུ་གདན་ས་ཆེན་མོ་གསུམ་ཚོགས་པའི་སྐབས་སུ་འབུལ་སྲོལ་ཡོད་པ་
ཡིན། གཞན་ཡང་དགེ་བཤེས་ལྷ་རམས་པ་དང་གསེར་ཁྲི་དགེ་བཤེས་གཉིས་འབྲས་སྤུངས་
ཚོགས་ཆེན་དུ་བདེ་ཡངས་གྲྭ་ཚང་མཉམ་ཚོགས་ལངས་ཀྱང་ཕེབས་སྲོལ་ཡོད་པ་སོགས་ཆོས་
ཕྱོགས་ཀྱི་བྱེད་སྒོ་མང་ཙམ་བསྒྲུབས་དགོས་ཀྱི་ལས་འགན་ཡོད་པ་བཅས་སྔར་སྲོལ་གྱི་ལོ་རྒྱུས་
རག་ཙམ་འགོད་འབུལ་ཞུས།
འཇང་དགུན་ཆོས་ཆེན་མོ།
བོད་དུ་འཇང་དགུན་ཆོས་ནི། སྙེ་ཐང་རྭ་སྟོད་དགོན་པ་ནས་རྐང་བགྲོད་སྔ་དྲོ་གཅིག་གི་སར་འཇང་ཞེས་པ་གྲོང་ཚོ་སྟོད་སྨད་གཉིས་ཀྱི་ཉེ་འགྲམ་
རི་ཕུག་ཏུ་བཀའ་གདམས་པའི་བླ་མ་མངོན་མཁྱེེན་པས་ཕྱག་བཏབ་པའི་གནས་ཁྱད་པར་ཅན་འཇང་རྡོ་གཅལ་སྔོན་མོ་ཞེས་ཤེས་རབ་ཤིན་ཏུ་འཕེལ་བའི་ལོ་རྒྱུས་སུ་གྲགས་པ་དེར། བོད་ཀྱི་ལོ་པཎ་དུ་མ་དང།༸རྗེ་ཙོང་ཁ་བ་ཆེན་པོས་ཀྱང་རྒྱབ་རི་ཆེན་པོ་དེའི་ངོགས་སུ་སྒྲུབ་པ་སྙིང་པོར་
མཛད་དེ་བཞུགས་ཤིང། གྲོང་བརྡལ་གཡས་གཡོན་དུ་ཤིང་སློང་ཡང་ཕེབས་སྲོལ་བྱུང་བའི་གནས་དེར།༸རྒྱལ་མཆོག་ལྔ་པ་
ཆེན་པོའི་སྐབས་ནས་རྭ་སྟོད་གྲྭ་ཚང་གིས་འཇང་གི་དགོན་པ་སྟངས་འཛིན་གནང་བའི་དགོན་བདག་གྱུར་པ་ནསབཟུང་གཙུག་ལག་ཁང་དང། ཁང་ཚན་སོ་སོའི་གྲྭ་ཁང་བཅས་རིམ་བཞིན་རྒྱ་བསྐྱེད་བཏང་བ་དང།རྭ་སྟོད་གྲྭ་ཚང་གི་འདུ་ཁང་སྦུག་ཏུ་ཁོང་གི་སྐུ་འདྲ་སྐུ་ཤ་སྐམ་ལ་ཤིན་ཏུ་རིད་པ་ཞིག་ཀྱང་མཇལ་རྒྱུ་ཡོད་པ་་མ་ཟད།གནས་དེར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་ཚད་མའི་འཆད་ཉན་ཡང་དར་རྒྱས་སུ་འབྱུང་ཚུལ་གྲགས་པ་ལྟར། ཚད་མ་རྣམ་འགྲེལ་ཀྱི་འཆད་ཉན་གཙོ་བོར་བཏོན་པའི་དགུན་ཆོས་ཟླ་བ་ཕྱེད་དང་གཉིས་ཚུགས་སྲོལ་
བྱུང་བ་སྟེ། རྭ་སྟོད་གྲྭ་ཚང་དང། དྭགས་པོ་གྲྭ་ཚང། མངའ་རིས་གྲྭ་ཚང་སོགས་འགའ་ཤས་དང།དེ་རྗེས་སེར་འབྲས་དགའ་
གསུམ་གྱི་སློབ་གཉེར་བ་སྟོང་ཕྲག་མང་པོ་ཕེབས་སྲོལ་བྱུང་སྟེ། རྭ་སྟོད་གྲྭ་ཚང་ནས་གདན་ས་ཆེན་པོ་གསུམ་གྱི་ཁང་ཚན་དང།
གྲྭ་ཚང་སོ་སོར་ཁང་ས་འབུལ་སྤྲོད་ཞུས་པ་ནས་ཁུངས་སོ་སོས་གྲྭ་ཁང་རྒྱ་བསྐྱེད་བཏང་སྟེ།འཇང་དགུན་ཆོས་ཆེན་མོ་ཞེས་སྙན་གྲགས་ཆེས་ཆེར་རྒྱས་པ་བྱུང་ཞིང། དགུ་ཆོས་ཟླ་བ་གཅིག་དང་ཕྱེད་རིང་ཆོས་རྭ་རྒྱས་བསྡུས་གཉིས་ལ་ཚད་མ་རྣམ་འགྲེལ་གྱི་གསན་སྦྱོང་རྩོད་གྲ་ཤིན་
ཏུ་སྨར་བ་མཛད་སྲོལ་ཡོད་པ་དང། སྐབས་དེར་སྒྲིགས་ཁྲིམས་གནོན་འདོམས་དང། གཏོང་ཆོས་སོགས་ཀྱི་མཐུན་རྐྱེན་མཐའ་དག་རྭ་སྟོད་
གྲྭ་ཚང་རང་ནས་འབུལ་སྲོལ་ཡོད་པ་སོགས་བསྟན་ལ་ཕྱག་རིས་བཟང་བའི་དུས་སྐབས་བཟང་པོ་འཚེ་མེད་ཞི་བའི་ཆོས་ཀྱི་བསྟི་གནས་དེ་ ༥༩ ལོར་ཀླ་ཀློས་འཚེ་བའི་ཉམས་ཉེས་མི་བཟད་པ་བཏང་བ་གཅིག་གྱུར་ཆགས་པ་ནས་དགོན་གནས་དེར་རྩོད་སྒྲའི་ཆོས་སྒྲ་ལོ་གྲངས་བཅུ་ཕྲག་གསུམ་ལྷག་ཙམ་གོ་ཐོས་མེད་པར་གྱུར་ཡོད་ཀྱང། ༸གང་གི་ཐུགས་བསྐྱེད་ཟབ་མོའི་འོག་བར་ལམ་བོད་དུ་སྲིད་བྱུས་ལྷུག་གཏོང་གིས་ཆོས་
དད་རང་མོས་ཀྱི་དུས་སྐབས་ཤར་བ་ནས་གཟུང་། རྭ་སྟོད་དང་གདན་ས་ཁག་གི་དགེ་འདུན་གྱི་སྡེ་རིམ་བཞིན་སླར་གསོ་ཆོག་པའི་ཐོབ་
དབང་བྱུང་སྟེ་ ༡༩༩༤ ལོར་དགོན་གནས་དེར་འཇང་དགུན་ཆོས་སྐྱར་གསོ་ཆོག་པའི་གོ་སྐབས་བྱུང་ནས་གཞིས་བཞུགས་རྭ་སྟོད་གྲྭ་ཚང་དང། གདན་ས་ཆེན་པོ་གསུམ་གྱི་དགེ་འདུན་རྣམ་པ། ལྷ་སའི་གཙུག་ལག་ཁང་གི་དགེ་འདུན་པ་བཅས་དགེ་འདུན་
ལྔ་བརྒྱ་སྐོར་ལས་འཆད་ཉན་
གྱི་རྩོད་སྒྲའི་སྲོལ་རྒྱུན་ལྔར་ལམ་ལྟར་སླར་གསོ་གནང་མུས་འདུག་བ་བཅས་བསྟན་པའི་ཞབས་འདེགས་གསོས་སུ་སྨིན་པར་གྱུར།
རྒྱ་གར་དུ་རྭ་སྟོད་གྲྭ་ཚང།རྒྱ་གར་དུ་སྟོད་གྲྭ་ཆང་སླར་གསོ་ཞུས་པ་ནི། ༥༩ ལོར་བོད་དུ་དུས་འགྱུར་སྐབས་བསྟུན་༸གོང་ས་
༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་རྗེས་སུ་བསྙེགས་པ་རྒྱ་གར་ཁུལ་དུ་བཙན་བྱོལ་བ་རང་ཁོངས་དགེ་འདུན་ཉུང་ཤས་ཙམ་ལས་
མ་འབྱོར་སྟབས། སྦག་ས་ཆོས་སྒར་དུ་རྭ་སྟོད་གྲྭ་བ་ཁ་ཤས་ཡོད་པ་རྣམས་འབྲས་ཉག་ཁོངས་བློ་གླིང་གྲྭ་ཚང་དུ་ཚོགས་ཆོས་གཉིས་ཀ་
མཉམ་ཞུགས་ཆོག་པའི་ཐོབ་དབང་བཀའ་དྲིན་ཆེ་སྟེ། ལོ་མང་རིང་མཐུན་རྐྱེན་གང་ཅིར་མཉམ་སྦྲེལ་འཚོ་གཟིགས་བྱུང་ནའང། ༨༡ ཙམ་ནས་བོད་དུ་སྲིད་བྱུས་ལྷུག་གཏོང་སྐབས་ཆོས་དད་རང་མོས་ཀྱི་ཐོབ་དབང་བྱུང་བའི་དུས་སྐབས་དང་བསྟུན་གཞིས་སུ་ཡོད་པའི་བོད་
ཀྱི་སྙེ་ཐང་རྭ་སྟོད་དགོན་པ་སླར་གསོ་ཆོག་པའི་དུས་སྐབས་བྱུང་བར་བརྟེན། རྒྱ་གར་འཕགས་ཡུལ་དུའང་དམ་པ་གོང་མའི་ཕྱག་བཞེས་
མི་ཉམས་རྒྱུན་འཛིན་གནས་ཐབས་ཀྱིས་འདོན་ཆོག་རྟ་བྱངས་སོགས་བསྡུས་ཚད་རིག་པར་སློབ་གཉེར་ཟབ་སྦྱོང་སླད། རང་ལུགས་རྒྱུན་
འཛིན་སླར་གསོ་དགོས་པའི་བསྐུལ་མ་ནན་ཟབ་བྱུང་བ་དང། དེ་བཞིན་འབྲེལ་ཡོད་གཞིས་བྱེས་གནས་འཁོད་རང་ཁོངས་
མཆོད་ཡོན་ལྟོས་བཅས་རྣམས་ནས་ཀྱང་བརྒྱུད་བསྐུལ་དང་སྦྲགས་ཆོས་སྒོར་ཞུགས་མཁན་འབྲེལ་ཡོད་རིིམ་ཕེབས་བྱུང་བ་ལྟར།རྒན་གཞོན་ཚང་མས་འཕྱར་གྲུ་མཉམ་འདེགས་ཐོག་ནས་སྔར་གྱི་དམ་པ་གོང་མའི་བཞེད་སྲོལ་ཕྱག་རིས་བཟང་པོ་མི་ཉམས་རྒྱུན་འཛིན་ཞུ་ཐུབ་པར་བགོ་སྐལ་སྙིང་བཅངས་ཞུས་ཏེ། ༨༣ལོར་བདེ་བར་གཤེགས་པ་༸སྐྱབས་མཆོག་རྭ་སྟོད་ཆུ་དབང་༸རིན་པོ་ཆེ་དམ་པ་དང།༸སྐྱབས་མཆོག་
བྲག་གཡབ་བློ་ལྡན་ཤེས་རབ་༸རིན་པོ་ཆེ་མཆོག ༸སྐྱབས་མཆོག་རྭ་སྟོད་སྐྱོང་བླ་༸རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་
མཁན་པོ་ཞིང་གཤེགས་དགེ་བཤེས་རིན་ཆེན་ཚེ་རིང། དགེ་བཤེས་བཀྲིས་ལྷག་པ། མཁན་ཟུར་ཚུལ་ཁྲིམས་ཕུན་ཚོགས་སོགས།གཞན་ཡང་
དྷ་སར་རྭ་སྟོད་སྐྱར་གསོའི་ཚོགས་ཆུང་བཅས་ནས་འཕྱར་གྲུ་མཉམ་འདེགས་ཀྱིས་རང་གཞུང་ཆོས་རིག་ལྷན་ཁང་དང། འབྲས་བློ་གླིང་
གྲྭ་ཚང་གཉིས་སུ་སྙན་འབུལ་འབྲེལ་མཐུད་རིམ་པར་ཞུས་རྗེས་འདི་གའི་མོན་གོ་འབྲས་སྤུངས་ཆོས་སྒར་དུ་རྭ་སྟོད་གྲྭ་ཚང་སླར་གསོ་
ཐུབ་པ་བྱུང་ཡོད།ད་ལྟའི་ཆར་རིམ་བཞིན་དགོས་ངེས་ཀྱི་མཐུན་རྐྱེན་བཐའ་དག་ཨ་རི་རྭ་སྟོད་སྐྱོང་བླ་རིམ་པོ་ཆེ་བརྒྱུད་ནས་སྐྱབས་འཇུག་
གནང་མུས་དང། དེ་བཞིན་དགེ་འདུན་གྱི་སྡེ་ཡང་རིམ་འཕེལ་བྱུང་བ་དང་ཆབས་ཅིག་སློབ་གཉེར་
ཐད་བློ་གླིང་གྲྭ་ཚང་གི་མཐུན་འགྱུར་འོག་བསྡུས་ཚད་རིག་པ་དང། གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་གྱི་ཆོས་གྲར་ཞུགས་ཐུབ་པའི་
གོ་སྐབས་བྱུང་བ་དང་བསྟུན། སྔར་བོད་དུ་འཇང་དགུན་ཆོས་ཚུགས་སྲོལ་ཡོད་པ་ཇི་བཞིན་འདི་གའི་རྒྱ་གར་འཕགས་ཡུལ་
ལྷོ་ཕྱོགས་ཀརྣ་ཊ་ཀའི་མངའ་སྡེའི་ཁོངས་སུ་དམ་པ་གོམ་མའི་བཞེད་སྲོལ་ལྟར། ལོ་ལྟར་སེ་འབྲས་དགའ་གསུམ་འཇང་དགུན་
ཆོས་ཀྱི་ཆོས་རྭ་མཉམ་ཚོགས་གྲལ་དུའང་ ༨༧ ལོར་མཉམ་ཞུགས་ཐུབ་པ་བྱུང་སྟེ། ཚད་མ་རྣམ་འགྲེལ་གྱི་རྩོད་སྦྱངས་གཙོ་
བོར་གནང་བའི་དམ་བཅའ་བར་རྟགས་བསལ་འབུལ་རྒྱུ་དང། ལན་འདེབས་བྱ་རྒྱུ་སོགས་ལ་གོ་སྐབས་ཐོབ་པ་ཞུ་མུས་དང། དེ་བཞིན་སྔར་སྲོལ་ལྟར་ ༩༢ ལོར་ཤར་རྩེ་གྲྭ་ཚང་མཉམ་གསང་ཕུ་དབྱར་ཆོས་ཆེན་མོ་སྐབས་བསྟུན་ས་ག་ཟླ་བར་མཉམ་ཚོགས་
འབྲེལ་མཐུད་ཞུས་ཏེ། སྔར་སྲོལ་ལྟར་གསེར་ཁྲི་དགེ་བཤེས་ཀྱི་དམ་འཇོག་སྒོ་དབྱེ་སྔ་སོར་ཆུད་པ་བྱུང་བ་ནས་ལོ་ལྟར་གསང་ཕུ་དབྱར་ཆོས་ཀྱི་ཆོས་ཐེངས་རེ་བསྟར་ཆགས་སུ་བསྐྱངས་དང་སྐྱོང་མུས་ཐོག་གསེར་ཁྲི་དགེ་བཤེས་ཀྱི་དམ་འཇོག་ཀྱང་གནང་མུས་ཡིན་པ་དང། དེ་བཞིན་ ༩༥ ལོ་ནས་གདན་ས་ཆེན་པོ་སྤྱི་མཆུངས་དགེ་ལུགས་རྒྱུགས་སྤྲོད་ཁོངས་སུ་ཞུགས་ཐུབ་པའི་གཞུང་ཆེན་མོར་སྦྱངས་འབྲས་གང་ལེགས་ཐོག་གྲྭ་ཚང་རང་ཁོངས་ཀྱི་དབུ་མ་འཛིན་གྲྭ་ཐོན་ཏེ་དགེ་ལུགས་རྒྱུགས་སྤྲོད་དུ་འཛུལ་ཞུགས་ཆོག་པའི་ཐོབ་དབང་བཀྲིན་ཆེ་སྟེ་ད་སྐབས་ལྷ་
རམས་དགེ་བཤེས་ཐོན་པ་དང། ཐོན་མུས་ཡིན་པ་མ་ཟད།སྔར་སྲོལ་ལྟར་ལྷ་རམས་དགེ་བཤེས་དང་གསེར་ཁྲི་དགེ་བཤེས་རྣམས་རྒྱུད་གྲྭ་སྟོད་སྨད་དུ་ཕེབས་ཏེ་ལོ་འཁོར་ཆོས་ཐོག་བསྐོར་བ་དང། འགྲེལ་པ་བཞི་སྦྲགས་དང། སྦས་དོན་ཀུན་གསལ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་སོགས་སྔགས་གཞུང་རྣམས་ལ་གསན་བསམ་དང་དམ་བཅའ་བཞག་མུས་ཡིན། སླད་
མར་ཡང་གདན་གསུམ་སྤྱི་མཚུངས་སློབ་གཉེར་ཡར་རྒྱས་འབྱུང་ཐབས་དང། ཕྱི་ནང་མི་རིགས་ཁག་ལ་ཆོས་ཀྱི་བྱེད་སྒོ་སྤེལ་རྒྱུར་མཚོན་སློབ་གཉེར་བའི་མཐུན་རྐྱེན་གང་ཅིར་འབད་རྩོལ་ཞུ་དགོས་སོགས་ཀྱིས་འགན་ཡོད་སྟབས། དགོས་ངེས་ཀྱི་མཐུན་རྐྱེན་རྩོལ་སྒྲུབ་ཞུ་དགོས་སྟབས་བདེའི་ཆེད་ ༨༧ ལོར་ལྷོ་ཕྱོགས་ཀརྣ་
ཊ་ཀར་ལྦལ་རྫོང་ཁོངས་སུ་ཚོགས་པའི་སྒྲིགས་གཞི་སྤྱི་མཚུངས་དེབ་བསྐྱེལ་སྦྱོར་བཀོད་བྱས་ཡོད།
རྭ་སྟོད་གྲྭ་ཚང་གི་མཁན་པོ་ནི། སྔར་བོད་དུ་གདན་ས་ཆེན་པོ་རྣམས་དང་མཚུངས་པ་༸གོང་
ས་ཆེན་པོའི་ཕྱག་རྟགས་ཡོད་པའི་གཞུང་བསྐོས་གནང་སྲོལ་བྱུང་བ་ནས་ ༥༩ དུས་འགྱུར་བར་
དང། འདི་གའི་རྒྱ་གར་དུ་རྭ་སྟོད་གྲྭ་
ཚང་སླར་གསོ་བྱུང་རྗེས་ཀྱང་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་རྟགས་ཕེབས་པའི་མཁན་ཁྲིད་ཕེབས་
པ་ནི།
༡༽ མཁན་ཁྲི་དང་པོ་༸སྐྱབས་རྗེ་རྭ་སྟོད་ཆུ་དབང་༸རིན་པོ་ཆེ་རྗེ་བཙུན་ངག་དབང་ཚུལ་ཁྲིམས་
བསྟན་འཛིན་རྒྱ་མཚོ་མཆོག་དང།
༢༽ མཁན་ཁྲི་གཉིས་པ་ཏྲེ་ཧོར་མཁན་ཟུར་༸རིན་པོ་ཆེ་རྗེ་བཙུན་བློ་བཟང་ཉི་མ་མཆོག་དང།
༣༽ མཁན་ཁྲི་གསུམ་པ་བློ་གླིང་མཁན་ཟུར་རྟོགས་ལྡན་༸རིན་པོ་ཆེ་གྲགས་པ་བློ་བཟང་བསྟན་
པའི་རྒྱལ་མཚན་མཆོག་དང།
༤༽ མཁན་ཁྲི་བཞི་པ་དགེ་བཤེས་རིན་ཆེན་ཚེ་རིང་དམ་པ་མཆོག་དང།
༥༽ མཁན་ཁྲི་ལྔ་པ་དགེ་བཤེས་ཚུལ་ཁྲིམས་ཕུན་ཚོགས་དང།
༦༽ མཁན་ཁྲི་དྲུག་པ་དགེ་བཤེས་ཐུབ་བསྟན་ལྷུན་འགྲུབ་མཆོག་གིས་ཆོས་སྲིད་ཀྱི་མཛད་འཁུར་
བཞེས་བཞིན་ཡོད་པ་༸གོང་ས་མཆོག་ནས་ཕྱག་རྟགས་ཕེབས་པའི་སྲོལ་བཟང་དེང་གི་བར་དུ་
གནས་མུས་ཡིན་པ་བཅས་སོ། དེང་སྐབས་ཀྱང་གྲྭ་ཚང་ནང་གི་སློབ་ཚན་གྱི་ཆ་ནས་མཚོན་
ན། ནང་ཆོས་ཀྱི་སློབ་སྦྱོང་ཆ་ཚང་ཡོད་པ་མ་ཟད་དེའི་སྟེང་དབྱིན་ཇི་སྐད་ཡིག་དང། དེང་དུས་ཀྱི་ཚན་རིག་དང་བཅས་པ་ཆ་ཚང་ཡོད། ལྷག་པར་དགེ་འདུན་པ་ཆུང་རིགས་
ལའང་སྤྱིར་སྟངས་སློབ་གྲྭ་ཁག་དང་འདྲ་མཚུངས་གྲྭ་ཚང་ནས་འདི་ནས་སློབ་སྦྱོང་གི་གོ་སྐབས་སྤྲོད་བཞིན་ཡོད།
སློབ་ཚན་སོ་སོའི་འཛིན་གྲྭའི་ས་བཅད།
ཀ༽ རིགས་ལམ་འཛིན་གྲྭའི་རྣམ་བཞག
༡༽ བསྡུས་ཆུང་འཛིན་གྲྭ་་་་་་་་་་བསྡུས་གྲྭ་ཆེན་མོ་ལས་ཁ་དོག་དཀར་དམར་ནས་མཚན་མཚོན་ཆེ་
བའི་རྣམ་བཞག་རྫོགས་པའི་བར་ ལོ་གཅིག
༢༽ བསྡུས་ཆེན་འཛིན་གྲྭ་་་་་་་་་བསྡུས་གྲྭ་ཆེན་མོ་ལས་རྒྱུ་འབྲས་ཆེ་བ་ནས་རྟགས་སྦྱོར་རྫོགས་
པའི་བར་ ལོ་གཅིག
(བསྡུས་གྲྭ་འཛིན་རིམ་ལོ་གཉིས་ནང་བསྡུས་ཆུང་དང། བསྡུས་འབྲིང། བསྡུས་ཆེན་གསུམ་
ཡོད།)
༣༽ བློ་རྟགས་འཛིན་གྲྭ་་་་་བློ་རིག་དང། རྟགས་རིགས་གཉིས་མཉམ་ལྟ་དགོས་པ་ལོ་གཅིག
༤༽ ཚད་ཆེ་ཆུང་འཛིན་གྲྭ་་་་་་རྣམ་འགྲེལ་འཛིན་གྲྭའི་ནང་ཚད་ཆུང་དང། ཚད་ཆེན་འཛིན་གྲྭ་ཞེས་
གཉིས་གཅིག་ཏུ་བསྒྲིལ་བས་ ལོ་གཅིག
(དེའི་ནང་དུ་གྲུབ་མཐའ་དང། མཆོད་བརྗོད། ཕྱོགས་སྒྲ། ལའི་དུ་བ་སོགས་ཚུད་ཡོད།
ཁ༽ ཕར་ཕྱིན་འཛིན་གྲྭའི་རྣམ་གཞག
༡༽ གཞུང་གསར་འཛིན་གྲྭ ༢༽ དྲང་ངེས་འཛིན་གྲྭ ༣༽ སེམས་བསྐྱེད་འཛིན་གྲྭ
༤༽ དགེ་འདུན་ཉི་ཤུའི་འཛིན་གྲྭ ༥༽ བསམ་གཟུགས་འཛིན་གྲྭ ༦༽ སྐབས་བཞི་པའི་
འཛིན་གྲྭ ༧༽ སྐབས་ལྔ་པའི་འཛིན་གྲྭ་བཅས་ཕར་ཕྱིན་ལོ་བདུན་ཡོད།
ག༽ དབུ་མ་འཛིན་གྲྭ་རྣམ་གཞག
༡༽ སེམས་བསྐྱེད་འཛིན་གྲྭ ༢༽ བདེན་གཉིས་འཛིན་གྲྭ ༣༽ བདག་འགོག་འཛིན་གྲྭ་བཅས་ལོ་
གསམ་ཡོད།
ང༽ འདུལ་བ་འཛིན་གྲྭའི་རྣམ་གཞག
༡༽ འདུལ་བ་ལོ་རིམ་དང་པོ། ༢༽ འདུལ་བ་ལོ་རིམ་གཉིས་པ། ༣༽ འདུལ་བ་ལོ་རིམ་
གསུམ་པ་བཅས་ལོ་གསུམ་ཡོད།
ཅ༽ མཛོད་འཛིན་གྲྭའི་རྣམ་བཞག
༡༽ མཛོད་ལོ་རིམ་དང་པོ། ༢༽ མཛོད་ལོ་རིམ་གཉིས་པ་བཅས་ལོ་གཉིས་ཡོད།
༡༽ ཚད་མ་རྣམ་འགྲེལ་ལེའུ་དང་པོ་ནས་བཞི་པའི་བར་ལོ་ ༡༤ རྒྱུགས་སྤྲོད་བྱེད་དགོས།གྲྭ་ཚང་འདི་ཉིད་དུ་སློབ་སྦྱོང་གི་
མཐུན་རྐྱེན་གྱི་ཆ་ནས་མཚོན་ནའང་སྒྲིགས་ཞུགས་གནང་མཁན་ལ་རྒྱལ་ཁབ་དང། མི་རིགས་ཀྱི་དབྱེ་བ་གཏན་
ནས་མེད་པ་སྒྲིགས་ཞུགས་ཆོག་པ་མ་ཟད། དེ་དག་གྲྭ་ཚང་དུ་ཇི་ཙམ་བཞུགས་པ་ དེའི་བར་ཞལ་ལག་ནར་
འགྱངས་དང། སྡོད་ཤག གདན་ཉལ་ཆས།གྱོན་གོས་སོགས་དང།ནད་པའི་རིགས་ལ་སྨན་དོད་ཆ་ཚང།
གཞན་ཡང་འགྱེད་མང་ཇ། ཟུར་གྲོན་བཅསཆ་ཚང་གཅིག་མཚུངས་འབུལ་བཞིན་ཡོད་པ་བཅས།
མོན་གྷོ་རྭ་སྟོད་གྲྭ་ཚང་གི་མཁན་ཕྱག་ཟུར་ནས་ཕྱི་ལོ་ ༢༠༡༤ ཟླ་བ་ ༡༠ ཚེས་ ༨ ལ།